༄༅།། བོད་ཀྱི་ས་ཁམས་ཆགས་ཚུལ་སྐོར།


རྩོམ་མཁན།:ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན།




སྔོན་གྱི་ཡིག་ཚང་དུ་མའི་ནང་འདི་ལྟར་འཁོད་ཡོད་དེ། “སྟོད་ཀྱི་མངའ་རིས་བསྐོར་གསུམ་རྫིང་གི་ཚུལ།། བར་གྱི་དབུས་གཙང་རུ་བཞི་ཡུར་བ་འདྲ།། སྨད་དུ་མདོ་ཁམས་གསུམ་ཞིང་ལྟ་བུ།། ཀུན་ཀྱང་ཆུ་ཡི་རྒྱ་མཚོར་གྱུར་པའིནང་…”ཞེས་དང་། “མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ།། ཀོང་གི་ཆུ་བརླག་ཅེས་བྱའི་ཟོམ་བྱེ་བས།། རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ།། ཆུ་གཞན་དག་ཀྱང་དེ་ལྟར་ཐིམ་པ་ཡིས།། བོད་ཁམས་ཡུལ་གྱི་རྣམ་པ་གསལ་བོར་དོད།།”


གཉིས་པ།བོད་ཀྱི་ས་ཁམས་ཆགས་ཚུལ་སྐོར།



སྔོན་གྱི་ཡིག་ཚང་དུ་མའི་ནང་འདི་ལྟར་འཁོད་ཡོད་དེ།

“སྟོད་ཀྱི་མངའ་རིས་བསྐོར་གསུམ་རྫིང་གི་ཚུལ།།

བར་གྱི་དབུས་གཙང་རུ་བཞི་ཡུར་བ་འདྲ།།

སྨད་དུ་མདོ་ཁམས་གསུམ་ཞིང་ལྟ་བུ།།

ཀུན་ཀྱང་ཆུ་ཡི་རྒྱ་མཚོར་གྱུར་པའིནང་…”ཞེས་དང་།

“མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ།།

ཀོང་གི་ཆུ་བརླག་ཅེས་བྱའི་ཟོམ་བྱེ་བས།།

རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ།།

ཆུ་གཞན་དག་ཀྱང་དེ་ལྟར་ཐིམ་པ་ཡིས།།

བོད་ཁམས་ཡུལ་གྱི་རྣམ་པ་གསལ་བོར་དོད།།”[1]

ཅེས་གསལ་བ་ལྟར་དང་ཐོག་བོད་ཡུལ་སྟོད་སྨད་བར་གསུམ་ཐམས་ཅད་ཆུ་ཡིས་ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པ་དང་། དེ་ ནས་རིམ་བཞིན་ཀོང་ཆུ་བརླག་ཁ་བྱེ་ནས་ཆུ་རྣམས་དེར་ཐིམ་སྟེ་བོད་ཡུལ་གྱི་རྣམ་པ་ གསལ་པོར་ཐོན་པ་ཡིན་ཞེས་བསྟན་ཅིང་། དེང་སྐབས་གནའ་རབས་ཀྱི་ས་ཁམས་དང་འགྱུར་རྡོ་ལ་ཞིབ་འཇུག་བྱེད་མཁན་ཚན་ཞིབ་པ་ ཚོས་སྡོམ་ཚིག་བཞག་པ་ལྟར་ནའང་། “དུས་རབས་རྙིང་བར་ རྩིས་པའི་སྐབས་ཀྱི་ཐོག་མའི་དུས་དང་བར་མའི་དུས་སྐབས་སུ་མཚོ་བོད་ས་མཐོ་འདི་ ནི་ལྡེམ་ལྡེམ་དུ་འཁྱིལ་བིའ་རྒྱ་མཚོ་ཆེན་པོ་ཞིག་ཡིན་ཞིང་། དུས་ རབས་གསར་མའི་འགོ་ཚུགས་པ་ནས་བཟུང་ད་གཟོད་རིམ་གཞིན་སྐམ་སའི་ཡུལ་བྱུང་བ་དང་། ས་མཐོ་འདི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་ཉིས་སྟོང་ཡས་མས་ཙམ་ཡིན་ལ། ས་ཡི་ཆགས་ཚུལ་ཡང་ལྷོ་ཤར་གཉིས་དམའ་ཞིང་ནུབ་ཕྱོགས་ཅུང་མཐོ་བ། ནུབ་བྱང་གཉིས་སུ་ལོ་འདབ་རིང་མོ་ཅན་དང་ལེབ་མོ་ཅན་གྱི་ལྗོན་ཤིང་འཁྲིགས་པའི་ནགས་ཚལ་ཡོད་ཅིང་། ལྷོ་ཤར་གཉིས་སུ་འདམ་རྩྭ་དང་སྤང་རྩྭས་ཁེངས་པ་མ་ཟད། མཚེའུ་དང་རྫིང་བུ་ཧ་ཅང་མང་བས་མཁའ་ལ་སྐར་ཚོགས་བཀྲ་བ་བཞིན་དུ་ཡོད།”[2]ཅེས་གསལ་བ་དང་མཐུན་པས་ལོ་རྒྱུས་དེ་དག་ནི་འཇིག་རྟེན་ཆགས་རིམ་གྱི་སྐོར་ལ་རྣམ་དཔྱོད་ཀྱི་འོད་སྣང་འཕྲོ་བ་ཞིག་ལོས་ཡིན།

མཚོ་ངོས་ལས་འཕགས་པའི་སྐམ་སའི་ཐོག་དུས་ཡུན་ཧ་ཅང་རིང་བའི་བརྒྱུད་རིམ་ནང་སྲོག་ཆགས་མང་པོ་བྱུང་བའི་སྐོར་ལའང་། བོད་ཀྱི་ཡིག་ཚང་ལས།

“མངའ་རིས་བསྐོར་གསུམ་ཤྭ་རྐྱང་རི་དྭགས་གླིང་།།

བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང་།།

སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང་།།”[3]ཞེས་དང་

“བོད་ཁམས་གསུམ་གླིང་དགུ་བྱ་བ་ན།།

རིན་པོ་ཆེ་འོད་ཀྱི་གླིང་དཀར་པོ།།

སྟོད་ཁམས་གསུམ་གངས་དང་གཡའི་ར་བ་ར་རྫིང་འདྲ་བ་ན།།

ཤྭ་བ་དང་དགོ་བ་ལ་སོགས་པ་རི་དྭགས་ཀྱིས་ཡུལ་འཛིན།།

རུ་བཞི་སོག་ཁའི་གླིང་སྐད་པ།།

བར་ཁམས་གསུམ་བྲག་དང་སྤང་གི་གཤོང་ཡུར་བ་འདྲ་བ་ན།།

སྤྲེའུ་དང་བྲག་སྲིན་ལ་སོགས་པ་གནས།།

རྨ་བྱ་འོད་ཀྱི་གླིང་སྐད་པ།།

སྨད་ཁམས་གསུམ་ནགས་ཀྱི་ལྗོངས་ཞིང་དང་འདྲ་བ་ན།།

གླང་པོ་ཆེ་དང་འདབ་ཆགས་ལ་སོགས་པ་ལས།།

འགྲོ་བ་མི་བྱ་བ་གཅིག་ཀྱང་མེད།།”[4]“ཅེས་འགོད་ཅིང་།
དེ་མིན་རྒྱལ་རབས་གཞན་ནའང་བཤད་ཚུལ་ཆ་ཤས་འདྲ་མིན་ཙམ་ལས། རྩ་དོན་མིན་མཚོ་བྲི་ནས་ནགས་ཚལ་སྟུག་པོ་ཆགས་པ་དང་སྟོད་སྨད་བར་གསུམ་དུ་སྲོག་ཆགས་སྣ་ཚོགས་ཀྱིས་གང་བ་སོགས་གཅིག་མཐུན་དུ་གསལ་ཡོད། དེ་ལྟ་བུའི་ས་ཁམས་ཆགས་ཚུལ་དང་རིམ་འགྱུར་གྱི་བཤད་རྒྱན་དེ་དག་ཀྱང་ལྷ་སྒྲུང་དང་རྨོངས་དད་ཡིན་ཞེས་ཤོད་ག་ལ་རུང་། ཚན་རིག་གིས་དཔྱད་པ་བྱས་པའི་སྡོམ་ཚིག་ལྟར་ནའང་། “དུས་སྐབས་དེ་ཤེད་དུ་རི་བོ་ཧི་མ་ལ་ཡ་ད་དུང་འབུར་དུ་ཐོན་མེད་པས། རྒྱ་གར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པའི་བརླན་གཤེར་དང་། དྲོད་ ཁུལ་ཚ་བ་ལ་སོགས་པ་འགོག་པའི་བཀག་རྒྱ་མེད་སྟབས་མཚོ་བོད་ས་མཐོའི་ཡུལ་ཁམས་ འདེའི་གནམ་གཤིས་ནི་དྲོད་གཤེར་གཉིས་སྡན་གྱི་རང་བཞིན་ཡོད་པ་དང་། ལོ་ཧྲིལ་པོའི་ཚ་གྲང་ཆ་སྙོམས་བྱས་ན། ཧྲེ་ཧྲི་ཏུའུ་༡༠ཡས་མས་ཡིན་ལ། ལོ་རེར་ཆར་ཆུ་འབབ་ཚད་ཀྱང་ཧའོ་ཧྲེང་ཉིས་སྟོང་ནས་ལྔ་སྟོང་བར་ཡིན་ཏེ། སྐབས་དེར་དྲོད་ཁུལ་དུ་རན་པའི་སྐྱེ་དངོས་རིགས་མང་པོ་ས་མཐོ་བདེའི་ཕྱོགས་སོ་སོར་ཁྱབ་ཡོད་པ་མ་ཟད། སྐྱེ་དངོས་དེ་དག་གི་ཁྲོད་རྩ་ཆེའི་རིགས་རྣམ་གྲངས་བཞི་སྟོང་ཙམ་ཡོད་ཅིང་། དེ་ལྟ་བུའི་ཡུལ་ཁམས་འདིར་སུག་མ་སུམ་ལྡན་གྱི་རྐྱང་ཡོད་ལ། དེས་མ་ཚད་ཁྱི་དང་། གླང་པོ། རེ་བོང་། ཤྭ་བ་ལ་སོགས་པའི་དབྱིབས་གཟུགས་དང་འདྲ་བའི་རི་དྭགས་མང་པོ་ཡོད་པ་དང་། རྗེས་སུ་རིམ་བཞིན་རི་བོ་ཧི་མ་ལ་ཡ་འབུར་དུ་ཐོན་པ་དང་ཇེ་མཐོ་ཇེ་མཐོར་སོང་སྟེ། སྔོན་ཆད་རྒྱ་གར་ཕྱོགས་ནས་རྒྱ་བའི་ཁ་དབུགས་དང་ཚ་དྲོད་བཀག་པས་མཚོ་བོད་ས་མཐོ་འདེའི་གནམ་གཤིས་དང་། རང་བྱུང་གི་ཁོར་ཡུག་ལའང་འགྱུར་ལྡོག་བྱུང་སྟེ་གྲང་ཞིང་འཁྱགས་པའི་ཡུལ་དུ་གྱུར་པའོ”[5]ཞེས་བསྟན་པ་ལྟར་ཡིན། དེའི་ཐོག་ནས་རང་རེས་ཤེས་རྟོགས་བྱེད་ཐུབ་པར་ཆུ་བོ་ནི་མཐོ་ས་ནས་དམའ་སར་འབབ་པའི་རང་བཞིན་ཅན་ཡིན་པ་སྟེ། རང་བྱུང་ཁམས་ཀྱི་མཐོ་སར་ཆགས་པའི་ཡུལ་ཁམས་ནི་གདོད་མའི་དུས་སུ་རྒྱ་མཚོའི་ངོས་ལས་ཆེས་ཐོག་མར་འབུར་དུ་ཐོན་པའི་སྐམ་སའི་གླིང་ཡིན་དགོས་ཏེ། དེ་ ལྟ་བས་ན་ཧི་མ་ལའི་རི་རྒྱུད་ནི་མདོད་མ་ནས་འདི་བཞིན་དུ་འཕགས་པ་ཞིག་ཡིན་པའི་ རྐྱེན་གྱིས་ད་ལྟའི་བོད་ལྗོངས་ས་ཁུལ་གྱི་བྱང་རྒྱུད་དང་མཚོ་སྔོན་ས་ཁུལ་ཧྲིལ་ པོའི་ཡུལ་ཁམས་འདི་ལས་ཆེ་འབྲིང་ཆུང་གསུམ་དུ་འབབ་པའི་ཆུ་ཀླུང་མང་པོ་ཕྱོགས་ མཚམས་སོ་སོར་བཞུར་བཞིན་ཡོད་དེ། གངས་རི་རྫ་གསེབ་ དག་ལས་འབབ་པའི་ཆུ་ཕྲན་རྣམས་རིམ་བཞིན་ཆུ་ཀླུང་དུ་གྱུར་ནས་བཞུར་བའི་རྣམ་པ་ འདི་ལས་བོད་དང་མཚོ་སྔོན་གྱི་ས་མཐོ་འདི་ནི་སྤྱི་ཡོངས་ཀྱི་ས་ཁམས་ལས་ཆེས་ཐོག་ མར་ཆགས་པ་ཞིག་ཡིན་པ་རང་བཞིན་གྱིས་གྲུབ་ཅིང་། སྐབས་དེའི་ཡུལ་ཁམས་འདིའི་གནམ་གཤིས་དང་། མཁའ་རླུང་། དྲོད་གྲང་གི་ཚད་གཞི་སོགས་ནི་རྒྱ་མཚོ་ལས་སྐམ་སར་བུད་པའི་སྲོག་ཆགས་རྣམས་འཚོ་འཕེལ་ཡོང་བར་ཧ་ཅང་འཚམ་པོ་ཡིན་པ་དང་། སྲོག་ཆགས་དེ་རིགས་ཡུན་རིང་པོའི་ནང་གི་འགུལ་སྐྱོད་ལ་བརྟེན་ནས་རིམ་བཞིན་ནུ་འཐུང་གི་སྲོག་ཆགས་རིགས་དུ་མ་བྱུང་ཞིང་འཕེལ། གདོད་མའི་སྤྲ་ཡི་རིགས་ཀྱང་དེའི་ཁྲོད་ནས་ཆེས་ཁྱད་པར་ཅན་དུ་ལོགས་སུ་ཐོན་པ་ཡིན་པར་མངོན། དེང་སྐབས་འགྱུར་རྡོར་ཞིབ་འཇུག་བྱས་པར་གཞིགས་ན་མཚོ་སྐྱེས་སྲོག་ཆགས་ལས་སྐམ་སའི་སྲོག་ཆགས་ཀྱི་རིགས་སུ་གྱུར་པ་དང་། སྐམ་སའི་སྲོག་ཆགས་རྣམས་རིམ་འགྱུར་བྱུང་བ་ལས་ནུ་འཐུང་གི་སྲོག་ཆགས་རིགས་མང་པོ་འཕེལ་ཞིང་། དེ་རྣམས་དུས་ཡུན་ཧ་ཅང་རིང་བའི་ནང་ནགས་ཚལ་རུ་ཤིང་འབྲས་དང་སྲོག་ཆགས་ཆུང་རིགས་རྣམས་འཚོ་རྟེན་དུ་བྱེད་པ་དང་། ཡུན་རིང་གི་འཚོ་ཐབས་ནང་ཕན་ཚུན་འདེད་བཟུང་གནོད་འཚེ་བྱེད་པའི་འཐབ་རྩོད་ཀྱི་ཁྲོད་བྱེད་རྩོལ་གྱི་རྣམ་པ་མི་མཐུན་པའི་རིགས་དུ་བྱུང་བ་དང་། དུས་ མཚུངས་སུ་རང་བྱུང་ཁམས་ཆེན་པོ་འགུལ་སྐྱོད་ཀྱི་འཕེལ་འགྱུར་ལས་རི་བོ་ཧི་མ་ལ་ ཡའི་རི་རྒྱུད་མུ་མཐུད་ནས་ཡར་འཕགས་པ་དེས་ཡུལ་ཁམས་འདེའི་གནང་གཤིས་མཁའ་རླུང་ལ་ འགྱུར་བ་ཆེན་པོ་བྱུང་བའི་རྐྱེན་གྱིས་སྲོག་ཆགས་དེ་དག་གི་རང་བྱུང་གི་འཚོ་ རྟེན་རིམ་བཞིན་ཇེ་ཉུང་དུ་སོང་ཞིང་། སྐམ་སའི་སྲོག་ཆགས་ནས་འཕེལ་འགྱུར་བྱུང་བའི་གདོད་མའི་སྤྲ་རིགས་དེ་རྣམས་ཀྱི་འཚོ་ཐབས་ལའང་དོ་ཕོག་མི་ཐེབས་པ་ཅི་ལ་སྲིད། དེ་ ལྟར་གནམ་གཤིས་དང་རང་བྱུང་གི་ཆ་རྐྱེན་རྣམས་ལ་ཁྱོན་ཡོངས་ནས་འགྱུར་ལྡོག་རིམ་ བཞིན་བྱུང་བ་དང་བསྟུན་ནས་ས་མཐོའི་ཡུལ་ཁམས་འདིར་ཆེས་སྔ་བའི་གདོད་མའི་སྤྲ་ མིའི་རིགས་ཐོན་པའི་ཆ་རྐྱེན་རང་བཞིན་གྱིས་གྲུབ་བཅས་ནི་བོད་ཀྱི་ལོ་རྒྱུལ་ཡིག་ ཚང་ནང་ཐར་ཐོར་དུ་འབྱུང་བའི་ཚིག་རིས་དང་། བོད་ཀྱི་ ས་ཁམས་ཆགས་ཚུལ་ལམ་དུ་ཕན་ས་འོག་ནས་ཐོན་པའི་འགྱུར་རྡོའི་རིགས་སོགས་ལ་དེང་རབས་ ཚན་རིག་གི་བརྟན་ཞིབ་བྱས་པའི་སྡོམ་ཚིག་རྣམས་མཐུན་པའི་སྒོ་ནས་གསལ་བཤད་བྱུང་བ་ལགས་སོ། །



མཆན་འགྲེལ།:
[1] :
ཆོས་འབྱུང་མཁས་པའི་དགའ་སྟོན། ལྕགས་པར་མའི་ཤོག་ངོས་༡༤༩པ་ནས༡༥༠པའི་བར།
[2] :
བོད་ལྗོངས་ཞིབ་འཇུག་ ༡༩༨༤ལོའི་བོད་ཡིག་དེབ་བཞི་པའི་པར་ངོས་༣པ།
[3] :
ཆོས་འབྱུང་མཁས་པའི་དགའ་སྟོན། ལྕགས་པར་མའི་ཤོག་ངོས་༡༥༠པ།
[4] :
ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། དེབ་ངོས་༡༤༤པ་ནས་༡༤༥པའི་བར།
[5] :
བོད་ལྗོངས་ཞིབ་འཇུག་ ༡༩༨༤ལོའི་བོད་ཡིག་དེབ་བཞི་པའི་པར་ངོས་༣་པ་ནས་༤པ་ལས་དྲངས།


རྩོམ་ཡིག་ཡོང་ཁུངས།:ཀྲུང་གོའི་བོད་རིག་པའི་དྲ་བ།

བརྐུས་པ་འཇལ་གྱི་ཞལ་ལྕེ།

1 ་་་་་་

2 དུ་མཆྀས་པ་ཚལད་འཇལོ ། སྲང་བཞི་མན་ཅད་སྲང་གསུམ་ཡན་ཅད་གྱི་ཁྲ [①]

3 ཞིག་རྐུས་ན་རྐུན་པོ་དུ་མཆྀས་པའྀ་ར་མགོ [②]གཅིག་དགུམོ་དེའི་འོག་ན་ར་མགོ་

4 པ་གཅིག་ཤུལ་ཉེ་བར་སྤྱུགོ་དེའི་འོག་དུ་རྐུན་པོ་དུ་མཆྀས་པས་ཚལད་འཇལོ །

5 སྲང་གཉིས་ཞོ [③]བདུན་ནམ་གཉིས་མན་ཅད་སྲང་གཉིས་ཡན་ཅད་ཁྲ་ཞིག་མྱི

6 གི་གྱྀས་རྐུས་ན་ཁོ་ན་དགུམོ་མྱྀ་གཉིས་གྱི་རྐུས་ན་ཆལ་འཇལོ ། སྲང་གཅིག །

7 ཞོ་བདུན་ནམ་གཉིས་མན་ཅད ། ནམ་ཅིག་ཡན་ཅད་གྱི་ཁྲ་ཞིག་རྐུས་ན་རྐུན་

8 པོ་དུ་མཆྀས་པ་ཀུན་ཚལ་འཇལོ། ཕྱག་རྒྱའ

9 །∶། བཙན་མོ་ལྕམ་སྲུ་དྔ་ཇོ་མོ་དང་ཞང་ལོན་མན་ཅད་དམངས་ཡན་ཅད་གྱི་ཁང་

10 པ་དྔ་ས་མ་དྔ་སྤྲ་དྔ་བང་པ་དྔ་དོང་དུ་རྐུན་པོ་ཞིག་ཞུག་པའི་ལན་དུ་མ་ཐོབ

11 ཟིན་པའྀ་ཁྲིམས་ལ། ། བཙན་མོ་ལྕམ་སྲུ་དྔ་ཇོ་མོ་དྔ་ཞང་ལོན་མན་ཅད་དམངས་ཡན་ཅད་

12 གྱྀ་ཁང་པ་དྔ་ས་མ་དྔ∶སྤྲ་དྔ་བང་བ་དྔ་དོང་དྔ ། འདྲོན་པོའི་ཕྱེས་འབྲང [④]དྔ ། འདི་རྣམས་

13 ལས་སྩོགས་པའྀ་ནང་དུ་རྐུན་པོ་ཞིག་ཞུགསྟེ་དཀོར་ལག་དུ་མ་ཐོབ་པར་ཟིནད་ན

14 སྲང་གཉིས་མཆྀས་པ་ཡན་ཅད་གྱྀ་ནང་ཞུགས་པ་ལས་ཟིནད ། ན་རྐུན་པོ་རེ་མགོ་

15 པ་གཅིག་ཕུ་རིང་དུ་ཤུལ་རིང་སྤྱུགོ ། སླད་ན་དུ་མཆྀས་པ་ལ་སྲང་གཉིས །

16 རྐུས་པའྀ་ཐང་དུ་རྐུད་ཕོབ་ཤིག ། སྲང་ཉིས∶སུ∶མ∶འཙལད་པ∶མན་ཆད∶གྱི་ནང་

17 དུ∶ཞུགས∶ཏེ་དཀོར་ནོར∶ལག∶དུ∶མ∶ཐོབ∶པར་ཟིན་ན∶རྐུན་པོ་དུ་མཆྀས་གྱང་

18 རུང་སྲང་ཕྱེད་རྐུསྟེ་ཟིན་པའྀ་ཐང་རྐུད་ཕོབ་ཅིག ། ཟིན་ཟིནད་པའི་པྱ(བྱ)དགའ་ནྀ་རྐུན་

19 པོ་སྤྱུགས་པའྀ་ནོར་ཕྱུག་དྔ་ཚལད་ཕབ་པ་ལས་བཀའ་གྲིམས་ཇི་དཔང་བའ

20 ཏང་བཞིན་དུ་སྩལདོ ། ། ཕྱག་རྒྱའ

21 ∶། བཙན་མོ་ལྕམ་སྲུ་དྔ་ཇོ་མོའི་སྩང་དྔ་ཞང་ལོན་མན་ཆད་དམངས་ཡན་ཆད་གྱྀ་ནས

22 རྐུས་པའྀ་ཁྲིམས་ལ∶བཙན་མོ་ལྕམ་པ་སྲུ་དྔ་ཇོ་མོའི་སྩང་དང་ཞང་ལོན་མན་ཆད་དམངས

23 ཡན་ཆད་གྱྀ་ནས་ཞིག ། རྐུས་ཏེ་ཟིན་ན་ཁལ་གྲང་དང་བྲེ་གྲངས་ལས་སྲང་དང་ཞོར་

24 བརྩྀས་ལ་ནོར་རྐུས་པའྀ་ཁྲིམས་དྔ་ཐང་གཅིག་གོ ཕྱག་རྒྱ

25 ∶། ཁྲོམ [⑤]གྱི་བྲང་མ་ལགས་པའ་བྲང་གཞན་ནས་རྐུས་པའྀ་ཁྲིམས། ། ཁྲོམ་གྱྀ་བྲང་མ་ལགས་པའྀ

26 སླད་ན་འདྲོན་པོ་ཚང་པ་ཞིག་གི་བྲང་ནས་རྐུས་མ་སྤྲ་ཞིག་གི་ནང་ནས། རྐུས་ཀྱང་རུང་ཁྱི་བྲང་ཞིག་

27 གི་ནང་ནས་རྐུས་ཀྱང་རུང་རྩེའུ་བྲང་ང་ཞིག་ནས་རྐུས་ཀྱང་རུང་དེ་རྣམས་ཤིག་ལ་རྐུས་ན་ཁྱིམ་ཕུག

28 ས་མ་ལགསོ་དེ་རྣམས་ལྟ་ཞིག་ལས་རྐུས་སུ་ལགས་ན་ལོད་སྲང་དུ་བརྩིས་ཏེ་ལོད་གྱི་

29 རྟ་གྲངས་སུ་བརྩིསྟེ། རྟ་གྲང་གྱིས། དགུམ་པའི་ཁྲིམས་ལ་བབ་ན་འང་། དགུམོ། སྤྱུགས་

30 པའྀ་ཁྲིམས་ལ་བབ་ན་འང་སྤྱུགས་ཡུལ་ཉེ་རིང་གྱི་བཀའ་གྲིམས་གྱི་ཐང་བཞིན

31 དུ་སྤྱུགོ་ཆལ་འཇལ་པའྀ་ཁྲིམས་ལ་བབ་ནང་ཆལ་འཇལོ ཕྱག་རྒྱ

32 ∶། ཞང་ལོན་མན་ཆད་དམངས་ཡན་ཆད་གྱྀས་ལྷ་རྐུས་པའྀ་ཁྲིམས་ལ ། ཞང་ལོན་མན་ཆད་

33 དམངས་ཡན་ཆད་གྱྀས་ལྷ་ཞིག་རྐུས་ཏེ། ནོར་དུ་འཚལ་པ་ལས་ཟིན་ན་ལྷ་བླས་ཇི་རྐུས་

34 པ་ཞོ་གྲངས་དྔ་སྲང་གྲང་སུ་རྩིས་ལ་ཁྱིམ་ཕུགས་བཏབ་པའི ། ཁྲིམས་དྔ་ཐང་གཅིག་གོ

35 ཕྱག་རྒྱ

36 ∶། བཙན་མོ་ལྕམས་སྲུ་དྔ་ཇོ་མོའི་དཀོར་དྔ་ཞང་ལོན་མན་ཆད་དམངས་ཡན་ཆད་

37 གྱྀ་ནོར་རྐུས་པའྀ་རྐུན་ཆད་གྱྀ་ཁྲིམས་ལ། བཙན་མོ་ལྕམས་སྲུ་དྔ་ཇོ་མོའི་དཀོར་

38 དྔ་ཞང་ལོན་མན་ཆད་དམངས་ཡན་ཆད་གྱྀ་ནོར་བརྐུསྟེ། རྐུན་པོ་རྐུད་ཕབ་པའི་

39 རྣམས་འགུལ(མགུལ)དུ་ལུང [⑥]སྲིད་ཁོའུ་ཆུང་གང་སྦོམ་མཐོ་གང་གྱིས་འཁོར་པ་གཅིག་ཞལ་ཅེ་པའི་

40 རྒྱས་ཐོབསྟེ་ཐོག་མ་ཤིག་ཉ་ཚ་སུམ་རྒྱས་གཞུགས་ལ་མཁར་ལན་སླ(ཟླ)བ་རེ་རེ་གཅདོ་

41 ་་་་་་མ་ཁོར་བར་གུམ་ན། ཐུ་ཕོ [⑦]འི་མགུལ་དུ་ལུང་་་་་་



མཆན་འགྲེལ།





[①] ཁྲ། དངོས་པོ།

[②] ར་མགོ་པ། འགོ་པ།

[③] ཞོ ། གསེར་དངུལ་སོགས་ཀྱི་འདེགས་ཚད་ཅིག ། སྲང་གང་ལ་ཞོ་བཅུ་ཡོད ། ཞོ་གང་ལ་ནམ་བདུན་ཡོད།

[④] ཕྱེས་འབྲང་། བྱེས་བྲང་། འགྲུལ་པའི་གནས་ཚང་།

[⑤] ཁྲོམ། དམག་ལས།

[⑥] འགུལ་ལུང་། མགུལ་ལུང་། སྒོ ། བཙོན་པའི་སྐེ་ལ་གཡོགས་རྒྱུའི་ཁྲིམས་ཆས་ཤིག

[⑦] ཐུ་ཕོ ། ཐུ་བོ ། ཕུ་བོ་དང་རྒན་པ།


རྩོམ་ཡིག་ཡོང་ཁུངས།:ཀྲུང་གོའི་བོད་རིག་པའི་དྲ་བ།

ཡི་གེའི་ཐོབ་ཐང་ཉེར་མཁོ་རབ་གསལ་མེ་ལོང་།

༄༅།།ན་མོ་གུ་ར་ཝེ། རྒྱལ་ཀུན་ཡབ་གཅིག་མཁྱེན་པའི་གཏེར། །ངག་དབང་ལྷ་མོ་དབྱངས་ཅན་མ། །བདག་སྙིང་པདྨའི་དབུས་བཞུགས་ཏེ། །ཐོགས་མེད་སྨྲ་བའི་སྤོབས་པ་སྩོལ། །དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །ཀ་ང་ད་ན་བ་མ་འ། །ར་ལ་ས་རྣམས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་གོ །ག་ད་བ་མ་འ་སྔོན་འཇུག །གོ་ངོ་དོ་ནོ་བོ་མོ་འོ། །རོ་ལོ་སོ་རྣམས་རྫོགས་ཚིག་སྟེ། །སླར་སྡུད་ཟླ་སྡུད་ཅེས་ཀྱང་བྱ། །རྗེས་འཇུག་རང་འདྲའི་མཐའ་ལ་སྦྱར། །ན་ར་ལ་གསུམ་རྗེས་སུ་ནི། །ད་དྲག་ཐོབ་ཚེ་ཏོ་ཞེས་སྦྱར། །སུ་རུ་ར་དང་དུ་ཏུ་ན། །ལ་དོན་རྣམ་པ་དྲུག་ཡིན་ཏེ། །རྣམ་དབྱེ་གཉིས་པ་བཞི་པ་དང་། །བདུན་པ་དེ་ཉིད་དུས་ལ་འཇུག ས་སུ་ག་བ་ད་དྲག་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་རྟེན་མེད་པའི་མཐར། །རུ་དང་ར་གཉིས་ཅི་རིགས་སྦྱར། །གི་ཀྱི་གྱི་འི་ཡི་ལྔ་བོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྟེ། །ད་བ་ས་ཀྱི་ག་ང་གི །ན་མ་ར་ལའི་རྗེས་སུ་གྱི། །འ་དང་མཐའ་རྟེན་མེད་མཐར་འི། །རྐང་པ་སྐོང་ཚེ་ཡི་འཐོབ་བོ། །གི་ཀྱི་སོགས་མཐར་ས་སྦྱར་ཚེ། །རྣམ་དབྱེ་གསུམ་པ་བྱེད་པའི་སྒྲའོ། །ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་སའི་རྗེས་སུ་ཀྱང་། །ང་ན་མ་འ་ར་ལ་ཡང་། །མཐའ་རྟེན་མེད་མཐར་འང་དང་ཡང་། །དེ་ཏེ་སྟེ་གསུམ་ལྷག་བཅས་ཏེ། །ད་དེ་ན་ར་ལ་ས་ཏེ། །ག་ང་བ་མ་འ་རྣམས་དང་། །མཐའ་རྟེན་མེད་མཐར་ས་སྟེ་འཐོབ། །གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་རྣམས་འབྱེད་སྡུད་སྒྲ །རྗེས་འཇུག་རང་འདྲའི་མཐའ་ལ་སྦྱར། །ད་དྲག་ཅན་མཐར་ཏམ་སྦྱར་རོ། །ནས་དང་ལས་གཉིས་འབྱུང་ཁུངས་དང་། །དགར་དང་སྡུད་པ་ལ་ཡང་འཇུག ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ། །ཕལ་ཆེར་མིང་གི་ཐོག་མར་སྦྱོར། །ནི་སྒྲ་དགར་དང་བརྣན་པའོ། །གང་སུ་ཅི་ཇི་སྤྱི་སྒྲ་སྟེ། །དཔེ་དང་གཞན་ལ་ཇི་སྦྱོར་ཞིང་། །དོན་ལ་ཅི་དང་གང་ཟག་ལ། །སུ་འཐོབ་གང་ནི་ཀུན་ལ་སྦྱར། །པ་དང་ཅན་ལྡན་བདག་པོའི་སྒྲ། །ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་པ། །བདག་པོའི་སྒྲ་ལ་པ་ཉིད་དོ། །མ་མི་མིན་མེད་དགག་པའི་སྒྲ། །མ་མི་གཉིས་ནི་ཐོག་མ་དང་། །མིན་མེད་གཉིས་པོ་རྗེས་ལ་སྦྱར། །ཚིག་འཕྲད་ཅིང་ལ་སོགས་པ་ནི། །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེ་འོ་ཅེ་ན་ཅིག ང་ན་མ་འ་ར་ལ་དང་། །རྗེས་འཇུག་མེད་པའི་མིང་མཐའ་རུ། །ཞིང་ཞེས་ཞེ་འོ་ཞེ་ན་ཞིག ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤིག་ཤེ་འོ་ཤེ་ན་འཐོབ(ཤེས་སྦྱར་ན་བློའི་ཤེས་པར་འཁྲུལ་བ་འབྱུང་བས་མི་བྱ་ གསུང་།) །ཁ་ཅིག་ལྷན་ཅིག་ཐབས་ཅིག་དང་། །ལན་ཅིག་སོགས་ཀྱི་ཅིག་སྒྲ་དེ། །མིང་གི་ཆ་ཤས་ཡིན་པས་ན། །ཚིག་འཕྲད་གྲངས་སུ་མ་ནོར་གཅེས། །ཚིགས་བཅད་རྐང་བའི་མཐའ་ལ་ནི། །ཉིས་ཤད་ངེས་པར་འཐོབ་པ་ཡིན། །ག་མཐར་ཆིག་ཤད་ང་ཡི་མཐར། །ཤད་ཀྱི་གོང་དུ་ཕྱི་ཚེག་དགོས། །(ང་ཡིག་རྐང་པ་ཤད་དང་མི་འདྲེ་བའི་ཆེད་ཡིན)ཚིགས་ལྷུགས་ལ་ནི་རྫོགས་ཚིག་མཐར། །ཉིས་ཤད་རྣམ་གྲངས་སོ་སོ་དང་། །དོན་ཚན་ཕལ་ཆེར་མཐའ་དང་ནི། །བོད་པའི་སྐབས་ལའང་ཆིག་ཤད་བྱ། །སྡེ་ཚན་ཆེན་མོ་རྫོགས་པ་དང་། །ལེའུའི་མཚམས་སུ་བཞི་ཤད་འཐོབ། །རྐང་པ་སྐོང་དང་མི་སྐོང་ལས། །འོ་འུ་འམ་གྱི་ཚེག་པར་ཡང་། །འཐོབ་ཚུལ་སྐབས་དང་སྦྱར་བར་བྱ། །དེ་ལྟར་རྗེས་འཇུག་དབང་གིས་ནི། །རྣམ་དབྱེ་ཚིག་འཕྲད་མི་འདྲ་བའི། །ཁྱད་པར་ཞིབ་ཏུ་ཤེས་པར་བྱ། །ཚིག་གི་འདབ་མས་མ་བསྒྲིབས་པའི། །གནད་བསྡུས་འབྲས་བུ་གཡུར་ཟ་བ། །བློ་གསལ་དོན་གཉེར་དགའ་སྟོན་དུ། །དབྱངས་ཅན་དགའ་བའི་བློ་གྲོས་སྤེལ།།

༄༅། །ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བཞུགས་སོ། །

སློབ་དཔོན་ཨ་ནུས་མཛད།

༄༅། །རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་ལིངྒ་བ་ཏཱ་ར་ནཱ་མ། བོད་སྐད་དུ། ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ། ཕོ་ཡི་ཡི་གེ་འབའ་ཞིག་ལ། ། སྡེ་པ་ཕྱེད་དང་བརྒྱད་གནས་པའང་། །སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་པ་བཞི་པ་ ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། ། ར་ལ་ཧ་ནི་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །མོ་ཡི་ཡི་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །འཇུག་པ་བཅུ་ཡི་ནང་ ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །སྔོན་འཇུག་ཡི་གེ་ལྔ་པོ་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་རུ་དབྱེ། །དེ་དག་རེ་རེའང་ བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །གང་ལ་འཇུག་པར་བྱེད་ཅེ་ན། །ཕོ་ནི་ཕོ་དང་མོ་ལ་འཇུག ། མོ་ནི་མོ་དང་མ་ནིང་ལ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང་། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །མི་འཇུག་པ་ནི་འདི་ལྟ་སྟེ། །ཕོ་ནི་ མ་ནིང་ལ་མི་འཇུག །མོ་ནི་ཕོ་ལ་འཇུག་པ་མིན། །མ་ནིང་རང་ལ་རང་མི་འཇུག །རང་གི་སྡེ་དང་འཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ ནིང་མོ་ཡང་དེ་བཞིན་ནོ། །ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་ གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། ། མོ་ནི་བདག་དང་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ཕོ་ལ་སྐྱེས་བུ་རབ་ འབྲིང་གསུམ། །མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་དང་། །མཚན་མེད་དག་དང་གསུམ་དུ་འདོད། །དེ་ཡང་བྱེད་པ་བཞི་ བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །གང་ལ་ཡི་གེ་ཐམས་ཅད་ལ། །གང་གིས་བཅུ་པོ་དེ་དག་གིས། ། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། །ཕོ་གསུམ་མོ་གཉིས་མ་ནིང་གསུམ། །དྲག་ཞན་བར་མ་གསུམ་དུ་འཇུག །དྲག་པ་ གསུམ་ཉིད་ནང་ཕྲད་དམ། །གལ་ཏེ་ཞན་པ་ནང་ཕྲད་ན། །དེ་ལའང་ནང་གི་ཆ་ཤས་ཀྱིས། །དེ་ཡང་དྲག་ཞན་གཉིས་སུ་དབྱེ། །མ་ནིང་གསུམ་དུ་ གང་གཏོགས་པ། །དྲག་དང་ཕྲད་ན་དྲག་པར་འགྱུར། །ཞན་དང་ཕྲད་ན་ཞན་པར་འགྱུར། །གཉིས་ཀ་དག་དང་ཕྲད་གྱུར་ན། །དེ་ནི་གཉིས་ཀ་ཅན་ དུ་འགྱུར། །གཉིས་ཀ་དག་དང་མ་ཕྲད་ན། །གང་དུ་ཡང་ནི་མི་འགྱུར་རོ། །དེས་ན་འགྱུར་དང་མཚན་གཉིས་དང་། །མཚན་མེད་དག་དང་གསུམ་ དུ་འདོད། །དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །དོན་ནི་རྣམ་པ་གཉིས་ཡིན་ཏེ། །སྔ་མ་གང་ལྟར་གྱུར་པ་དང་། །ཕྱི་མ་གང་ལྟར་འགྱུར་བའོ། །སྔ་མ་སྔོན་ འཇུག་ལྔ་བཞིན་སྦྱར། །ཕྱི་མ་དག་གི་འདྲེན་ཚུལ་ནི། །ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །མོ་ཡིས་མོ་ཡི་མིང་མཐའ་དྲང་། །མ་ནིང་གིས་ནི་མ་ནིང་ ངོ་། །མིང་མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའི། །ཆོས་དངོས་ལས་དང་བྱེད་པ་དང་། །སྦྱིན་དང་འབྱུང་ཁུངས་འབྲེལ་བ་ དང་། །གནས་དང་བོད་པའི་སྒྲ་ཡང་དྲང་། །གཞན་ཡང་སླར་བསྡུ་ལྷག་བཅས་དང་། །འབྱེད་སྡུད་བསྣན་དང་བདག་པོ་དང་། །དགག་སྒྲུབ་རྒྱན་ དང་དུས་ལའང་འཇུག །དེ་དག་སྔ་ཤུགས་འདྲེན་པས་འབྱུང་། །དེ་དག་ནང་གསེས་གང་འཇུག་པ། །མཐར་སྦྱར་འོག་མའི་མིང་དོན་ལས། །སྤྱི་ འཇུག་ཡོད་དམ་བྱེད་པ་ཡོད། །དེ་བཞིན་ཆེད་བྱེད་རྟེན་བྱེད་དང་། །ལས་བྱ་བླང་བྱ་བསྒྲུབ་པར་བྱ། །སྔོན་དུ་འོས་པ་གནས་པའམ། །གཞན་ཡང་ ཚིག་དོན་འོག་མ་ལས། །བསྡུ་རྒྱུ་ཡོད་དམ་མེད་པ་དང་། །གོང་མ་ལས་ཀྱང་དེ་བཞིན་ཏེ། །རྣམ་གྲངས་དག་ཀྱང་བཀོད་པ་ལས། །བསྐྱར་བ་ཡོད་ དམ་མེད་པ་དང་། །ཕོ་སྒྲ་དང་ནི་མོ་སྒྲ་དག །མིང་གི་མཐའ་ན་ཡོད་མེད་དང་། །རྒྱན་དུ་གྱུར་པ་རྣམས་ལ་ཡང་། །དོན་ལ་བསྙེགས་པ་ཡོད་མེད་ དང་། །བསྟན་བྱ་ལྷག་མ་ཡོད་མེད་དང་། །ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། །དེ་དག་ནང་གསེས་རྣམ་པར་དབྱེ། །ཅི་ཕྱིར་འཇུག་པར་བྱེད་ཅེ་ ན། །ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །མོ་ཡི་ཡི་གེ་མེད་པ་ན། །ཕོ་ ཡིག་བརྗོད་པ་མེད་པར་འགྱུར། །ཕོ་ཡིག་དེ་དག་རྣམས་ལ་ཡང་། །འཇུག་པར་བཅས་པ་མེད་ན་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །མིང་ ཚིག་གསལ་བ་མེད་ན་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ། །དེ་ལྟར་གྱུར་ན་འཇིག་རྟེན་དུ། །དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །རིག་ བྱེད་སྨྲ་བའང་ཡོད་མི་འགྱུར། །ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། །བསླབ་པ་རྣམས་ཀྱང་མེད་པར་འགྱུར། །ཇི་ལྟར་འཇིག་རྟེན་སེམས་ཅན་ རྣམས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གྲུབ་མཐའ་གཞན་ཡང་ཡོད་ན་ཡང་། །རང་ཉིད་ཀྱིས་ནི་མི་ཤེས་བཞིན། །དེ་བཞིན་ཡི་གེའི་འཇུག་ ཚུལ་རྣམས། །སྨྲ་བ་ཀུན་ལ་གནས་གྱུར་ཀྱང་། །རང་ཚུལ་དེ་ཉིད་མི་ཤེས་པས། །དོན་ལ་སྦྱོར་བ་ག་ལ་ཤེས། །དེ་ཕྱིར་སྨྲ་བའི་དབང་ཕྱུག་གི ། རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག །བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་གཉིས་པའི་སྐབས་ཏེ་ དྲུག་པའོ།། །།ལུང་ དུ་སྟོན་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་ཚུལ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ།། །།སརྦ་མངྒ་ལམ། དགེའོ། །

༄༅། །ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ་བཞུགས་སོ། །


སློབ་དཔོན་ཨ་ནུས་མཛད།


རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ། ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་
འཚལ་ལོ། །གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །གང་གིས་སྒྲ་དབྱངས་ཀུན་གསུང་བའི། །འཇམ་པའི་དབྱངས་ལ་
ཕྱག་འཚལ་ལོ། །གང་གིས་མིང་གཞི་སྔོན་གསུངས་པ། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། །བླ་མ་ལ་ཡང་ཕྱག་
འཚལ་ ནས། །བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཡི་གེ་
ཨཱ་ ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། །དེ་ལ་རྗེས་འཇུག་བཅུ་ཡིན་ཏེ། །དེ་ལས་ལྔ་ནི་སྔོན་དུའང་འཇུག །མི་
འཇུག་པ་ནི་ཉི་ཤུའོ། །ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །བཞི་བཞི་དག་ཏུ་ཕྱེ་བ་ལས། །དང་པོ་གསུམ་པ་བཞི་པ་ལས། །མས་གཉིས་དྲུག་པའི་གསུམ་པ་དང་། །
བདུན་པ་ལ་ནི་ཤ་མ་གཏོགས། །རྗེས་འཇུག་ཡི་གེ་བཅུ་རུ་འདོད། །རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །དང་པོ་གསུམ་པ་ལྔ་པ་དྲུག །བདུན་པ་རྣམས་ནི་
སྔོན་དུའང་འཇུག །མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། །དེ་ལ་དབྱངས་ཀྱི་བཞི་ལྡན་ཡང་། །གང་དུའང་འཇུག་མིན་སྦྱར་བའང་མིན། །རྗེས་འཇུག་
ཡི་གེ་བཅུ་པོ་ནི། །མིང་གང་གི་ནི་མཐར་སྦྱར་བ། །དེ་ལ་ཨཱ་ལི་བཞི་པ་སྦྱར། །སླར་བསྡུ་བར་ནི་ཤེས་པར་བྱ། །རྗེས་འཇུག་ཡི་གེ་བཅུ་རྣམས་ལས། །གང་
མིང་མཐའ་ན་བཅུ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །གང་མིང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །གང་མིང་མཐའ་ན་
གསུམ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །བཞི་པ་དགུ་པ་དངོས་ཀྱང་སྟེ། །ལས་དང་ཆེད་དང་རྟེན་གནས་དང་། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །རྗེས་
འཇུག་ཡི་གེ་བཅུ་པོ་ལ། །ཨི་དང་མཐུན་ལུགས་འདི་ཞེས་བྱ། །དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ལ་བདུན་
པ་ སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་བའི་ས། །དེ་ཉིད་ལ་ནི་བཅུ་པ་སྦྱར། །བྱེད་པ་པོ་རུ་ཤེས་པར་བྱ། །ཨཱ་ལི་ཕྱིས་ནི་གཉིས་པ་
སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ་པའི་དང་པོ་སྦྱར། །དེ་ལ་ཨཱ་ལི་གསུམ་པ་སྦྱར། །དེ་ནི་ལྷག་མ་
དང་བཅས་པའོ། །རྗེས་འཇུག་ཡི་གེ་བཅུ་པོ་ལ། །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །རྗེས་འཇུག་ཡི་གེ་བཅུ་པོ་ཡི། །བཞི་པ་དགུ་པ་ལ་བཅུ་པ། །སྦྱར་བ་
འབྱུང་ཁུངས་ས་ཡིན་ཏེ། །དགར་དང་སྡུད་པའང་དེ་བཞིན་ནོ། །གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་བ་ནི་བོད་པ་ཡིན། །གང་མིང་མཐའ་དང་
མཐུན་པ་ཡི། །བཞི་པ་ལ་ནི་ཨི་སྦྱར་བ། །དགར་དང་བརྣན་པའི་ཚིག་ཏུ་འགྱུར། །མིང་གང་རུང་བའི་བར་མཚམས་སུ། །གསུམ་པ་ལ་ནི་གཉིས་པ་སྦྱར། །
དེ་ནི་སྡུད་དང་འབྱེད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །གང་མིང་གི་ནི་ཡ་མཐའ་རུ། །གསུམ་པ་ལ་ནི་ཨེ་སྦྱར་བ། །ཐ་སྙད་དབང་དུ་
གསུམ་ཡིན་ཏེ། །དངོས་པོའི་དབང་དུ་བཞི་རུ་འགྱུར། །དུས་ཀྱི་དབང་དུ་གཉིས་ཡིན་ནོ། །གང་མིང་བརྗོད་པའི་དང་པོ་རུ། །དང་པོ་ལ་ནི་གཉིས་པ་
སྦྱར། །སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། །གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །གང་
མིང་བརྗོད་པའི་ཡ་མཐའ་ན། །སྟྲཱི་ལིངྒ་ཡི་སྒྲ་མེད་པ། །དེ་ལ་སྟྲཱི་ལིངྒ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །ཚིགས་སུ་བཅད་པའི་མཚམས་སྦྱར་
རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང་། །དེ་ནི་དེ་བཞིན་སྦྱར་བར་བྱ། །སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། །མིང་གཞིའི་ཡི་གེ་གང་ཡིན་ལ། །གཉིས་
འབྲེལ་ཡོད་དམ་གསུམ་འབྲེལ་ཡོད། །ཨཱ་ལི་བཞི་ལས་གང་ལྡན་ཡང་། །རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །རྗེས་འཇུག་
བཅུ་ཡི་དོན་ཤེས་ན། །འབྲི་དང་ཀློག་དང་བཤད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། །འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར། །གཞན་ཡང་རྗེས་
འཇུག་ཤེས་པ་ཡིས། །དོན་གྱི་སྦྱོར་བ་མ་མཐོང་ཡང་། །དོན་དང་མཐུན་པའི་སྦྱོར་བ་ཤེས། །རྗེས་འཇུག་སྦྱོར་བ་མཁས་པ་ན། །ལུང་གི་དོན་དང་སྦྱོར་བ་
དང་། །བླ་མའི་མན་ངག་གསུམ་སྦྱར་ནས། །དོན་གྱི་ཐོག་ཏུ་དབབ་པར་བྱ། །བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱང་། །སྔོན་
འཇུག་མིང་གཞི་རྗེས་འཇུག་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །མཉན་བསམ་བསྟན་པའི་དོན་དུ་སྦྱར། །ཡན་ལག་
དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་དོན་ལ་དབབས། །བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་དུ་
གྲོལ་བར་འགྱུར། །དེ་ཕྱིར་དང་པོར་འདི་ཉིད་བསླབ། །དེ་ནས་རྒྱས་པའང་མཉན་བྱས་ཏེ། །བསླབ་པ་གང་ལ་དད་པ་ཡི། །གཞུང་ཉིད་བླ་མ་དག་ལས་
མཉན། །སློབ་དཔོན་དེ་ཉིད་དུ་འཛིན་ཅིང་། །ལེ་ལོ་གཡེང་བ་རྣམ་པར་སྤངས། །ཟོ་བཟང་དད་པ་ལ་བརྟེན་པ། །སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། །དེ་ལ་
དུས་སུ་འདོམས་པར་བྱ། །ཅིག་ཤོས་དེ་ལས་ལྡོག་པའོ། །